Tibet Corner-Paris / Cergy Pontoise
གོང་གསལ་ས་གནས་འདི་གཉིས་ནས་ཐད་ཀར་ང་ཚོའི་ཐོན་རྫས་ཁག་མངགས་ཉོ་བྱེད་ཐུབ་ལ།
གཤམ་གྱི་སྤྱི་ཚོགས་དྲ་ལམ་ཁག་ནས་ང་ཚོར་རྒྱུས་ལོན་བྱེད་ཐུབ།
འབྲོང་གཡག་ལས་རྟགས་ཀྱི་འབྲེལ་བརྗོད་ཐུང་ངུ།
འབྲོང་གཡག་ནི་གཡག་དང་གཡག་རྒོད་གཉིས་ཀྱི་བསྡུས་མིང་ཡིན་ལ། མཆུ་དཀར་བའམ་དེ་ཡི་སྤུ་མདངས་སེར་གསེར་གྱི་མདངས་དང་ལྡན་པས་ན་གྲེ་སེར་འབྲོང་དང་ཁ་དཀར་གཡག་ཅེས་པའི་འབོད་ཚུལ་འདི་བོད་ཡུལ་ལ་ཁྱབ་ཡོད་འདུག
འཛམ་གླིང་གི་ཡང་རྩེ་སྟེ་གདོང་དམར་བོད་མི་ཚོ་འཚོ་གནས་བྱ་ཡུལ་གྱི་མཚོ་བོད་མཐོ་སྒང་དུ། ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་འཚོ་ཞིང་གནས་པའི་རི་སྐྱེས་སྲོག་ཆགས་འདི་ནི། རྐང་ལ་རྨིག་བཞི་བརྟན་ཞིང་། མགོ་ལ་རྭ་རྩེ་རྣོ་བ། སྐོམ་ན་འོ་མ་འཐུང་ཞིང་། ལྟོག་ན་སྨན་རྩ་ཟ་བ། རྭ་ཅན་རི་དྭགས་ཀྱི་རྒྱལ་པོ། རྨིག་ལྡན་སྲོག་ཆགས་ཀྱི་ཁྱུ་མཆོག འདི་ཡི་ལུས་ཀྱི་གཟུགས་གཞི་སྟོབས་ཆེ་ཞིང་། སྟག་གཟིག་དོམ་དྲེད་ལ་མི་འཇིགས་པས་དཔའ་ངར་ལྡན་པ། གཅིག་བུར་འཚོ་སྡོད་ཐུབ་པས་རང་སྐྱ་འཕེལ་བ། ཟས་སྐོམ་གྲང་རེག་ལ་མི་འཇིགས་པས་བཟོད་སྲེན་ཆེ་བའི་སྲོག་ཆགས་འདི་ནི། མཐོ་སྒང་བོད་མི་ཚོའི་ལོ་ངོ་སྟོང་ཕྲག་རིང་གི་འགྲིམ་འགྲུལ་གྱི་གྲུ་གཟེངས་ལྟ་བུ་ཡིན།
འབྲོང་དང་འབྲི་གཡག་འཕྲད་པའི་འབྲོང་མོའི་བུ་རྒྱུད་ཀྱི་འབྲོང་ཚ་རོག་རོག་གི་བེའུ་ཚོས་འབྲོང་གཡག་གི་རྒྱུད་པ་ཆད་མ་མྱོང་ལ། བོད་མི་ཚོ་དང་ལས་དབང་གཅིག་ཏུ་སྦྲེལ་ནས། ལུས་ཀྱི་རྩིད་པས་སྦྲ་ནག་གྲུ་བཞིའི་གཞིས་ཁྱིམ་བསྐྲུན་ཞིང་། ཤ་མར་འོ་མས་གདོང་དམར་བོད་མིའི་ལུས་ཟུངས་གསོ། མཐོ་སྒང་གི་གཅེས་ནོར། བོད་མི་ཚོའི་བླ་ཟོག་འདི་ཡིས་ང་ཚོའི་ཆེད་དུ་ཡོད་ཚད་བློས་གཏོང་བྱས། དེའི་རྐྱེན་གྱིས་བོད་དང་བོད་མི་མཚོན་པར་ནུས་པའི་སྲོག་ཆགས་བོད་ཡུལ་ཁོ་ནར་ཡོད་པའི་འབྲོང་གཡག་འདི་ལས་གཞན་གང་ཡང་མེད།
ང་ཚོའི་ཚོགས་ཆུང་གི་ལས་རྟགས་འབྲོང་གཡག་འདི་ཡང་རྒྱུ་མཚན་དེའི་དབང་གིས་རང་བཞིན་གྱིས་བྱུང་པ་ཞིག་ཡིན་ལ། མ་སྒྲིག་ལྷུན་གྱིས་གྲུབ་པའི་ལས་རྟགས་འདི་འབྲོང་གཡག་ཅེས་པའི་ཡིག་འབྲུ་གཉིས་ཀྱིས་གྲུབ་ཡོད། མགོ་ཐོག་གི་གངས་རི་རྩེ་གསུམ་དང་ཉི་ཟླ་སྐར་གསུམ་གྱིས། ཉི་འོད་དང་ཆེས་ཁ་ཐག་ཉེ་བའི་མཐོ་སྒང་ཕྱི་ནང་གི་སྣོད་བཅུད་གཉིས་ཀྱི་བཀོད་པ་ཡོངས་སུ་མཚོན་པར་བྱས་ཡོད།
དེ་ལྟ་ནའང་ལོ་རྒྱུས་འཕེལ་འགྱུར་གྱི་དཀྱོག་མཚམས་འདི་ནས་འབྲོང་གཡག་གི་ཁ་གྲངས་ཇེ་ཉུང་ཡིན་ལ། མི་རིགས་འདིའི་སྐད་ཡིག་འཆི་ལམ་དུ་འགྲོ་བཞིན་ཡོད་པས། འཛམ་གླིང་རྒྱལ་སྤྱིའི་རང་བྱུང་འཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲོང་གཡག་འདི་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཟིན་ཐོ་དམར་པོའི་ནང་བཀོད་ཡོད་འདུག་ལ། བོད་མི་རིགས་ཀྱི་སྐད་ཡིག་འདི་ཡང་དེ་ཡི་རྒྱ་ལས་མ་འདས་པས། འདི་གཉིས་མྱུར་སྐྱོབ་དགོས་པའི་གནས་སུ་ལྷག་ཡོད།
འབྲོང་གཡག་དང་བོད་ཀྱི་སྐད་ཡིག་གཉིས་ཆུ་དང་འོ་མ་ཇི་བཞིན་གཅིག་ལ་གཅིག་རྟེན་དུ་གྲུབ་པའི་མི་རིགས་འདིའི་ཚེ་སྲོག་གི་རྒྱུ་སྐུད་ཕྲ་མོ་དེ་ཡིན།
ངེད་འབྲོང་གཡག་རྟགས་མའི་སློབ་སྦྱོང་ཡོ་ཆས་ལས་བཟོ་པ་ཚོས་ཀྱང་མཚོན་བྱ་མཚོན་བྱེད་གཅིག་ཏུ་གྲུབ་པའི་ཛ་དྲག་གི་གནས་སྟངས་འདི་གཞི་ལ་བཞག་ནས། སྐད་ཡིག་གམ་འབྲོང་གཡག་གི་ལས་དབང་སྲུང་སྐྱོབ་དང་དར་སྤེལ་གྱི་ཆེད་དུ་ཉིན་མཚན་ལྟོས་མེད་ཀྱིས་འབད་བརྩོན་གནང་བཞིན་ཡོད་པ་ལགས་ན། ང་ཚོ་དང་ཚེ་སྲོག་གི་རྒྱུ་བ་གཅིག་པའི་སྤུན་ཟླ་ཕུ་ནུ་མིང་སྲིང་ཚོས་མཉམ་ལས་དང་རྒྱབ་སྐྱོར་གང་མང་གནང་སྐྱོང་ཡོང་པའི་རེ་བ་སྙིང་ནས་ཞུ་བཞིན་ཡོད་ལ། གཤམ་གསལ་འབྲོང་གཡག་སྤྱིའི་འདུ་ར་ཕྲ་མོའི་གློག་འཕྲིན་དང་ཁ་པར་གང་རུང་བརྒྱུད་ནས་ང་ཚོ་ལ་འབྲེལ་བ་གནང་རོགས་ཞུ།